查看原文
其他

ཁྲག་འཐུང་བདུད་འཇོམས་གླིང་བའི་སྲས་ཆེན་བརྒྱད་ཀྱི་རྣམ་ཐར་བཞུགས།

2017-08-16 རྫ་རྒྱལ། 教证大悲利众道

སྲས་ཆེ་བ་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མ།

དེ་ཡང་གྲུབ་པའི་དབང་ཕྱུག་ཆེན་པོ་གཏེར་ཆེན་བདུད་འཇོམས་གླིང་པར་ཉེ་བའི་སྲས་ཆེན་བརྒྱད་འཁྲུངས་པ་སྟེ།  

ཁོང་གི<<གསང་ཆེན་ཉམས་བྱུང་གི་རྟོགས་བརྗོད>>ལས།

རང་ལོ་ལྔ་བཅུ་ང་གསུམ་དུསཿ

འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡིཿ

མངོན་སུམ་ཞལ་གཟིགས་འདི་སྐད་གསུངསཿ

ཁྱོད་ཀྱི་བུ་ཆུང་ཀི་པོ(རྡོ་གྲུབ་བསྟན་ཉི)དེཿ

རྒྱལ་པོ་ཛ་ཡི་རྣམ་སྤྲུལ་ལཿ

ཆོས་རྒྱལ་མུ་ཁྲི་བཙན་པོ་ཡིནཿ

བུ་ཆུང་པདྨ་རྡོ་རྗེ་ནིཿ

གཏུམ་དྲག་མར་བ་ལོ་ཙཱ་ཡིནཿ

བུ་ཆུང་འཛམ་གླིང་དབང་གི་རྒྱལཿ

ཆོས་རྒྱལ་ཁྲི་སྲོང་ལྡེའི་བཙན་ཏེཿ

འཛམ་གླིང་གེ་སར་རྒྱལ་པོ་ལགསཿ

བུ་ཆུང་མི་ཕམ་རྡོ་རྗེ་འདིཿ

གོང་སྨྱོན་སྦས་པའི་རྣལ་འབྱོར་ཡིནཿ

བུ་ཆུང་དྲི་མེད་འོད་ཟེར་འདིཿ

རྒྱལ་སྲས་དྲི་མེད་འོད་ཟེར་ཡིནཿ

བུ་ཆུང་ལྷ་བུ་སྟོབས་རྒྱལ་ནིཿ

ལྷ་བུ་ཚངས་པ་གདོང་བཞི་སྟེཿ

དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིནཿ

བུ་ཆུང་ནམ་མཁའ་འཇིགས་མེད་ནིཿ

སེམས་དཔའ་ང་ཡི་སྤྲུལ་བ་ཡིནཿ

བུ་ཆུང་རྡོ་རྗེ་དགྲ་འདུལ་ནིཿ

ཕྱག་ན་རྡོ་རྗེའི་སྤྲུལ་བ་ཡིནཿ

   ཞེས་གསུངས་པ་ལྟར།  སྐུ་སྲས་སེམས་དཔའ་བརྒྱད་ལས་སྲས་ཆེ་བ་རྒྱལ་པོ་ཛ་དང་།  ཆོས་རྒྱལ་མུ་ཁྲི་བཙན་པོ།  གཏེར་ཆེན་སངས་རྒྱས་གླིང་བ་སོགས་ཀྱི་སྤྲུལ་བའི་རྣམ་རོལ་རྡོ་གྲུབ་རིན་པོ་ཆེ་འཇིགས་མེད་བསྟན་པའི་ཉི་མ་མཆོག་ནི།  བོད་རབ་བྱུང་བཅུ་བཞི་པའི་ཤིང་གླང(༡༨༦༥)ལོར་ཡབ་ལྕགས་སྐོང་གཏེར་ཆེན་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་དང་།  ཡུམ་ཆེ་བ་ཤ་ཟ་ཌྰ་ཀིའི་རིགས་ཅན་ཁྲ་བཟའ་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།  ཞབས་མཐིལ་དུ་ཆོས་དུང་དཀར་པོ་གཡས་འཁྱིལ་མངོན་པ་སོགས་མཚན་དཔེའི་དཀྱིལ་འཁོར་ཡོངས་སུ་རྫོགས་པས་ཡབ་རྗེ་བླ་མས་འཇིགས་མེད་བསྟན་པའི་ཉི་མ་ཞེས་མཚན་གྱི་ཅོད་པཎ་གསོལ།  རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེས།  རྡོ་གྲུབ་རིན་པོ་ཆེའི་ཡང་སྲིད་དུ་ངོས་བཟུང་སྟེ་བྲག་ཆེན་ཡར་ལུང་པདྨ་བཀོད་རྩ་གསུམ་མཁའ་འགྲོའི་འདུ་གླིང་དུ་ལུགས་གཉིས་སྤྲོས་པའི་མདུན་བསུས་ཏེ་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ།  སྐུ་ན་ཆུང་ངུའི་དུས་ནས་སྐྱེས་སྟོབས་ཀྱི་ཤེས་རབ་འབར་བས་ཡི་གེ་སྦྱོར་ཀློག་སོགས་ཚེགས་མེད་དུ་མཁྱེན་པར་མཛད་ཅིང་།  རིམ་གྱིས་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་བྱོན་ཏེ་མཁན་ཆེན་པད་མ་བཛྲ་ལས་སྔོན་འགྲོ་དྲན་པ་ཉེར་བཞག་སོགས་གསན།  ངུར་སྨྲིག་རྒྱལ་མཚན་འཆང་བའི་ཁྱུ་མཆོག་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་དང་རྫ་མུ་ར་སྤྲུལ་པའི་སྐུ་སོགས་ལས་སྤྱོད་འཇུག་སོགས་གསན་སྐབས་རྨི་ལམ་འོད་གསལ་གྱི་སྣང་ངོར་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེས་གླེག་བམ་ཞིག་གནང་བ་རྨིས་པ་ནས་བཟུང་དགོངས་པ་ཀློང་རྡོལ་ཏེ།  དགུང་ལོ་བརྒྱད་ཀྱི་ཐོག་དཔལ་སྤྲུལ་རིན་པོ་ཆེས་བཀའ་མངག་བཞིན་སྙིང་ཏིག་བསྟན་པའི་འབྱུང་གནས་སྔ་འགྱུར་རྫ་རྒྱལ་དགོན་དུ་འཁོར་འདུས་པ་རྒྱ་མཚོ་ལྟ་བུ་ལ་བྱང་ཆུབ་སྤྱོད་འཇུག་ཆེན་མོ་ཐུགས་ཐོག་ནས་འཆད་ནུས་པས་ཐམས་ཅད་ངོ་མཚར་ཏེ་དད་གུས་ལྡོག་མེད་དུ་གྱུར།  དཔལ་སྤྲུལ་རིན་པོ་ཆེས་ཆོས་ཁྲིད་སོགས་ཀྱི་སྐབས་སུ་ཉག་བླ་པད་མ་བདུད་འདུལ་འཇའ་ལུས་སུ་གཤེགས།  རྡོ་གྲུབ་བྱིས་པ་འདི་ལྟ་བུས་ཆོས་འཆད་ཚུལ་ལ་དཔག་ན་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་མཐའ་ལ་མ་ཐུག་པར་རྫོགས་ལྡན་ལྟར་མཆིས་ཞེས་བསྔགས་པའི་མེ་ཏོག་ཡང་ཡང་འཐོར་བ་དང་འབྲེལ་དམ་པ་འདིས་སྔ་འགྱུར་གྲུབ་མཐའི་དཀའ་གནད་དུ་མ་གཅེས་ནོར་དུ་གདམས།  གཞན་ཡང་མི་འགྱུར་ནམ་མཁའི་རྡོ་རྗེ།  འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ།  ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།  ཛྙྰ་བ་དགེ་བཤེས་སོགས་རིས་མེད་གྲུབ་མཐའ་ཀུན་གྱི་བཤེས་གཉེན་བཅུ་ཕྲག་གཉིས་ལྷག་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་མཐར་ཕྱིན་མཛད།  ཁྱད་པར་དུ་ཚེ་རབས་དུ་མའི་རིགས་ཀྱི་བདག་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞབས་པད་ཡུན་དུ་བསྟེན་ནས་ས་དགེ་བཀའ་རྙིང་སོགས་ཀྱི་རིས་སུ་མ་ཆད་པའི་གཞུང་ལུགས་རབ་འབྱམས་དང་།  སྒྲུབ་རྒྱུད་ཤིང་རྟ་བརྒྱད་ཀྱི་དབང་ལུང་མན་ངག་གི་རྒྱུན་དང་།  ལྷག་པར་དུ་རྙིང་མའི་མདོ་རྒྱུ་སེམས་གསུམ་སོགས་བཀའ་གཏེར་སྤྱི་དང་བྱེ་བྲག་གི་སྨིན་གྲོལ་གདམས་པ་ཉམས་བཞེས་སུ་མཛད་དེ་མཁས་གྲུབ་གཉིས་ལྡན་གྱི་ཡང་རྩེར་བསྙེགས།  བྲག་ཆེན་ཡར་ལུང་པད་མ་བཀོད་དང་།  རྡོའི་གཙང་ཆེན་སོགས་སུ་འདུས་སྡེ་རྒྱ་མཚོ་ལྟ་བུར་གཞུང་བཀའ་པོ་ཏི་ལྔ་སོགས་མདོ་སྔགས་རིག་གནས་དང་བཅས་པའི་ཆོས་འཁོར་བར་མེད་དུ་བསྐོར།  རྫུ་མེད་བཀྲ་ལེབ་གོང་མ་ཞེས་སྤང་ལྗོངས་ཉམས་དགའ་བ།  ལྷ་ཤིང་དང་ནགས་ཚལ་གྱིས་མཛེས་པ།  བྱ་དང་རི་དྭགས་སྣ་ཚོགས་བག་ཡངས་སུ་རྒྱུ་བ།  ཉིན་མོ་མིའི་རྒྱུ་འགྲུལ་དང་།  མཚན་མོ་སྒྲ་ཡི་ཅ་ཅོས་དབེན་པའི་གནས་དེར་རི་ཁྲོད་བཏབ་ནས་སྐུ་ཚེ་ཧྲིལ་པོར་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱིས་རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་།  གསུང་ལས་སྐྱེས་པའི་སྲས་ཀྱི་ཐུ་བོ་མཁར་ར་མཁན་པོ་འཇིགས་མེད་འོད་གསལ་དང་།  ཨ་མྱེས་མཁན་པོ་དམ་ཆོས་འོད་གསལ།  སེར་ཤུལ་མཁན་པོ་ངག་དབང་རྒྱ་མཚོ།  གླུ་ཤུལ་མཁན་པོ་དཀོན་མཆོག་བསྟན་པའི་སྒྲོན་མེ།  འཇམ་དབྱངས་ཆོས་ཀྱི་བློ་གྲོས།  གཏེར་ཆེན་ལས་རབ་གླིང་བ་སོགས་སྡེ་སྣོད་འཛིན་པའི་མཁན་པོ།  གདན་ས་སྐྱོང་བའི་སྐྱེས་ཆེན།  འགྲོ་དོན་སྤེལ་བའི་བླ་སྤྲུལ།  རི་ཁྲོད་འཛིན་པའི་བྱ་བཏང་སོགས་མཁས་པའི་ཉམས།  བཙུན་པའི་ཚུགས།  བཟང་པོའི་ཡོན་ཏན་གྱིས་ཕྱུག་པའི་ཞལ་སློབ་གྲངས་ལས་འདས་པ་ཞིག་གསོ་སྐྱོང་གནང་།  རྗེ་འདི་ཉིད་ཀྱི་གདུལ་བྱ་ལྷག་མ་སྐྱོང་བའི་ཕྱིར་དུ་གསུང་འབུམ་ལ<<མདོ་སྔགས་གཞུང་འབྲེལ་གྱི་སྐོར>>དང་།  <<སྒྲུབ་ཐབས་བསྐྱེད་རྫོགས་ཀྱི་སྐོར>><<ལོ་རྒྱུས་གཏན་ཚོགས་ཀྱི་སྐོར>><<གསུང་མགུར་སྙན་ངག་གི་སྐོར>><<ཞལ་གདམས་མན་ངག་གི་སྐོར>>སོགས་པོ་ཏི་དྲུག་གཏན་ལ་ཕབ་པ་རྣམས་མཁའ་ངོམས་ཀྱི་སྤྲོས་པ་མ་མཛད་པར་གདུལ་བྱའི་རྒྱུད་དང་བསྟུན་ནས་གསུངས་ཕྱིར།  མཁས་པས་བརྟག་ན་དོན་ཟབ་པ་དང་།  བླུན་པོས་བརྟག་ན་གོ་སླ་བ།  གནད་འདུས་ལ་འཛིན་བདེ་བ།  རན་ལ་འབྲེལ་ཆགས་པ།  སྙན་ལ་རོ་ཉམས་ལྡན་པ།  འཇམ་རྩུབ་ཇི་བཞིན་ལྟར་བཤད་ཀྱང་གདམས་ངག་གི་རོ་གཅིག་ཏུ་མཐུན་པས་མཁས་རྨོངས་བར་མའི་སྐྱེ་བོ་ཀུན་གྱི་ཡིད་དབང་འཕྲོག་པའི་གསུང་བཅས་བསྟན་པའི་བཙས་སུ་བཞག་ནས་བོད་རབ་བྱུང་བཅོ་ལྔ་བའི་མེ་སྟག(༡༩༢༦)ལོར་མཚན་བཟང་གི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ། 

སྲས་གཉིས་པ་མཆོག་སྤྲུལ་པད་མ་རྡོ་རྗེ་ངོ་སྤྲོད་མདོར་བསྡུས། 

གཏེར་ཆེན་བདུད་འཇོམས་གླིང་པའི་སྲས་གཉིས་པ་སྒྲ་བསྒྱུར་མར་བའི་སྐྱེས་མཐའ་མཆོག་སྤྲུལ་པད་མ་རྡོ་རྗེ་ནི་བོད་རབ་བྱུང་བཅོ་ལྔ་པའི་མེ་ཡོས(༡༨༦༧)ལོར་ཌྰ་ཀི་བསོད་ནམས་མཚོའི་སྲས་སུ་སྐུ་འཁྲུངས།  རྫོགས་སྤྲུལ་བཞི་བ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་།  ཡབ་རྗེ་བདུད་འཇོམས་གླིང་པ་སོགས་ཀྱིས་རྡོ་གྲུབ་ཆེན་དགོན་པའི་ཚ་ཚ་སྤྲུལ་སྐུའི་ཡང་སྲིད་དུ་ངོས་བཟུང་སྟེ་གྲུབ་ཆེན་ཡར་ལུང་པད་མ་བཀོད་རྩ་གསུམ་མཁའ་འགྲོའི་འདུ་གླིང་དུ་གསེར་ཁྲིར་མངའ་གསོལ་ཞིང་ལུགས་གཉིས་བསྟན་པའི་བདག་པོ་བྱས།  རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་དང་།  སྐུ་མཆེད་ཆེ་བ་རྡོ་གྲུབ་བསྟན་ཉི་སོགས་བཤེས་གཉེན་དུ་མ་བསྟེན་ཞིང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་།  ངུར་སྨྲིག་རྒྱལ་མཚན་འཛིན་པའི་ཁྱུ་མཆོག་ཏུ་གྱུར་ཏེ་གྲགས་པའི་དབྱར་རྔ་ཕྱོགས་བཅུར་ལྡིར།  སྐུ་ཚེ་ཧྲིལ་པོར་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན།  བྱ་བ་ལས་ཀྱི་འཁོར་ལོས་དུས་འདའ་བར་མཛད་དེ་ཚེ་དང་སྒྲུབ་པ་མཉམ།  ཆོས་སྐྱོང་བྲན་དུ་འཁོར་བ་སོགས་ཐུན་མིན་གསང་བའི་ཁྱད་ཆོས་མང་དུ་སྣང་།  མཐར་དགུང་གྲངས་དྲུག་ཅུ་རེ་བརྒྱད(༡༩༣༤)ལོར་དཔལ་རི་པདྨ་འོད་དུ་སངས་རྒྱས་པའི་ཚུལ་མཛད་ཚེ།  སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་བྱས་པས་གདུང་རུས་རྣམས་སྒྲོན་དཀར་གྱི་སྐུ་ཞིག་ཏུ་གྱུར་བ་སོགས་ངོ་མཚར་བའི་རྟགས་མང་དུ་བྱུང་བའོ།  །

སྲས་གསུམ་པ་མཁྱེན་སྤྲུལ་འཛམ་གླིང་དབང་རྒྱལ་ངོ་སྤྲོད། 

གཏེར་ཆེན་བདུད་འཇོམས་གླིང་པའི་སྲས་གསུམ་པ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་ཡང་སྲིད་མཁྱེན་སྤྲུལ་འཛམ་གླིང་དབང་རྒྱལ་མཆོག་ནི།  བོད་རབ་བྱུང་བཅོ་ལྔའི་ས་སྦྲུལ(༡༨༦༩)ལོར་ཡུམ་འབྲིང་བ་སྐེ་བཟའ་སངས་རྒྱས་མཚོའི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས།  རིམ་གྱིས་ཡི་གེ་འབྲི་ཀློག་སོགས་སྦྱང་བའི་ཡོན་ཏན་རྣམས་བརྡ་ཙམ་གྱིས་ཐུགས་སུ་ཆུད།  རྫོགས་སྤྲུལ་བཞི་བ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་།  རྫ་རྒྱལ་མཚམས་སྤྲུལ་རིན་པོ་ཆེ།  ཡབ་རྗེ་བླ་མ་བདུད་འཇོམས་གླིང་པ་སོགས་ཡེ་ཤེས་ཀྱི་སྤྱན་ལྡན་དུ་མས་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་ཡང་སྲིད་དུ་ངོས་བཟུངས།  དགུང་གྲངས་བཅུ་བ་ས་སྟག(༡༨༧༨)ལོར་རྫ་རྒྱལ་དགོན་ཕུན་ཚོགས་ནོར་བུའི་གླིང་དུ་གསེར་ཁྲིར་མངའ་གསོལ།  དེ་ཚེ་གཏེར་ཆེན་བདུད་འཇོམས་རྡོ་རྗེའི་རྨི་ལམ་འོད་གསལ་ངོར་ཀུན་མཁྱེན་ཆེན་པོའི་ཞལ་གཟིགས་ཏེ་ཁྱེད་ཀྱི་སྲས་འདི་ངའི་སྤྲུལ་བ་རིག་འཛིན་འཇིགས་མེད་གླིང་པ་ཡིན།  མཚམས་སྒྲུབ་འབད་པ་གྱིས་དང་རྟོགས་པ་ཕུལ་དུ་ཕྱིན་ཅིང་བསྟན་འགྲོ་ལ་ཕན་པ་རྒྱ་ཆེན་ཐོགས་པར་སྣང་ངོ་།  །ཞེས་གསུངས།  ལོ་ཁྱིམ་དེའི་དབྱར་ཟླ་ཐ་ཆུང་གི་ཚེས་དགུའི་ནུབ་མོ་ཡང་མཁའ་འགྲོ་མ་ཞིག་གིས་སང་ཉིན་སྤྲུལ་ཆུང་དཔལ་སྤྲུལ་མདུན་དུ་ཁྲིད་དང་བཀའ་ལུང་རྣམས་ལེགས་པར་ཐོབ་ཡོང་ཞེས་ལུང་བསྟན་པ་ལྟར།  ཕྱིའི་ནང་པར་དཔལ་སྤྲུལ་མདུན་དུ་བྱོན་ཚེ་ཚོགས་མཆོད་བྱས་ནས་དྲངས་བ་ལེན་རན་དང་ཐུག་པས་བླ་མས་རྟེན་འབྲེལ་ཤིན་ཏུ་ལེགས་པས་དྲངས་བ་ཁོང་ཡབ་སྲས་ལ་དྲོངས་གསུངས་ཏེ་གནང་།  སྤྱོད་འཇུག་དང་མངོན་རྟོགས་རྒྱན།  དབུ་མ་འཇུག་པ།  རྒྱུད་རྒྱལ་གསང་བ་སྙིང་པོ་སོགས་སྨིན་གྲོལ་གྱི་གདམས་པ་མང་དུ་བསྩལ།  གཞན་ཡང་མཚམས་སྤྲུལ་རིན་པོ་ཆེ་དང་ཡབ་རྗེ་བླ་མ་སོགས་བཤེས་གཉེན་མང་དུ་བསྟེན་ཏེ་མཁས་ཤིང་གྲུབ་པའི་ཡང་རྩེར་སོན།  ཡབ་རྗེ་བླ་མའི་གདན་ས་བརྡ་ཚང་བསྐལ་བཟང་དགོན་པའི་བསྟན་སྲིད་ཡོངས་ཀྱི་བདག་པོར་དབང་བསྐུར་ཏེ་འཁོར་ལོ་གསུམ་གྱི་འཕྲིན་ལས་མི་ནུབ་པའི་རྒྱུན་བསྲིངས།  དབལ་ཤུལ་བསོད་རྒན་སྤྲུལ་སྐུ་སོགས་མཁས་གྲུབ་གཉིས་ལྡན་གྱི་སློབ་མ་མང་དུ་བྱོན།  མཐར་བོད་རབ་བྱུང་བཅོ་ལྔ་བའི་མེ་རྟ(༡༩༠༦)ལོར་སྐུ་འཁོར་བཅས་གནས་ཆེན་པདྨ་བཀོད་དུ་བྱོན།  མེ་ལུག(༡༩༠༧)ཚེ་རིང་ལྗོངས་སུ་གཟིགས་སྐུ་ཆོས་དབྱིངས་སུ་བསྡུས། 

སྲས་བཞི་པ་མི་ཕམ་རྡོ་རྗེ་ངོ་སྤྲོད་མདོར་བསྡུས། 

གཏེར་ཆེན་བདུད་འཇོམས་གླིང་པའི་སྲས་བཞི་པ་གོང་སྨྱོན་སྦས་པའི་རྣལ་འབྱོར་དང་ཆེ་བོའི་རིག་འཛིན་ཆེན་མོའི་རྣམ་སྤྲུལ་མི་ཕམ་རྡོ་རྗེ་ནི་རབ་བྱུང་བཅོ་ལྔ་པའི་ས་ཡོས(༡༨༧༩)ལོར་ཡུམ་འབྲིང་བ་སྐེ་བཟའ་སངས་རྒྱས་མཚོའི་སྲས་སུ་འཁྲུངས།  རྫ་དཔལ་སྤྲུལ་རིན་པོ་ཆེ་དང་ཡབ་རྗེ་བླ་མ་སོགས་ལས་སྨིན་གྲོལ་གྱི་གདམས་པ་མང་དུ་གསན།  རྗེ་འདི་གྲུབ་པའི་རྣལ་འབྱོར་ཆེན་པོ་ཞིག་ཡིན་ཡང་དགུང་གྲངས་ཉེར་དྲུག་ལས་མ་བཞུགས་པར་མྱ་ངན་ལས་འདས་སོ།  །སྤྱིར་སྐུ་སྲས་སེམས་དཔའ་བརྒྱད་པོ་ཚང་མ་དགོངས་པ་ཀློང་རྡོལ་ཡིན་པས་མཁས་དང་གྲུབ་པའི་ཡོན་ཏན་མེད་ས་གཅིག་ཀྱང་མེད་དོ།  ། 

སྲས་ལྔ་བ་དྲི་མེད་འོད་ཟེར་ངོ་སྤྲོད་མདོར་བསྡུས། 

གཏེར་ཆེན་བདུད་འཇོམས་གླིང་པའི་སྲས་ལྔ་བ་དྲི་མེད་འོད་ཟེར་ནི《གཏེར་ཆེན་རཏྣ་གླིང་པའི་ཐུགས་སྒྲུབ་ཁ་བྱང》ལས།  ང་མིན་ང་ཡི་ཐུགས་ཀྱི་སྲས༔  སྦྲུལ་ལོ་རསྨིའི་མིང་ཅན་འབྱུང༔  ཐུགས་སྒྲུབ་རྣམ་གསུམ་ཆོས་སྒོ་འབྱེད༔  ཅེས་རྗེ་ཉིད་ཀྱི་དགུང་སྙིང་སྦྲུལ་དང་མཚན་གྱི་ཟུང་དངོས་སུ་བསྟན་པའོ།  །

གཏེར་ཆེན་མི་འགྱུར་རྡོ་རྗེས༔  ང་ནི་མི་གནས་མྱ་ངན་འདས་འོག་ཏུ༔  པདྨ་ལས་འབྲེལ་ཀློང་ཆེན་རབ་འབྱམས་སྤྲུལ༔  ཐུབ་པའི་བསྟན་ལ་ཐུབ་པའི་མཛད་པ་ཅན༔  ཟལ་མོ་སྒང་དུ་སྦས་པའི་རྣལ་འབྱོར་བ༔  པདྨ་འགྲོ་འདུལ་གསང་སྔགས་གླིང་བ་འབྱུང༔  མཛད་པ་བཞི་ཡིས་འགྲོ་ཁམས་བདེ་ལ་བསྒྱུར༔  འབྲེལ་ཚད་དག་པ་མཁའ་སྤྱོད་དཔལ་རིར་འདྲེན༔  ཞེས་དང་།  པདྨ་དབང་རྒྱལ་གཏེར་ལུང《གབ་སྦས་ཡང་བྱང》ལས།  ཀློང་ཆེན་སྤྲུལ་བ་གསང་སྔགས་མིང་མཐའ་ཅན༔  མདོ་སྨད་ལྕགས་སྦྲུལ་ནག་པོའི་ལྟོ་བར་འཁྱིལ༔  ཞེས་མཚན་དང་དགུང་སྙིང་དབང་ཁམས་བཅས་དངོས་སུ་བསྟན་པ་ཡིན། 

རོག་རྗེ་གླིང་པའི་གཏེར་ལུང་ལས།  ཤར་སྨད་སྨུག་པོའི་ཉེ་ཆར་ན༔  ཀློང་གསལ་སྤྲུལ་བ་རསྨི་པ༔  ཁྱིའམ་འབྲུག་གི་གྲོགས་དང་འཕྲད༔  སྙིང་ཐིག་མ་བུའི་ཆོས་སྒོ་འབྱེད༔  ཞེས་གང་ལས་སྤྲུལ་བའི་གཞི་དང་མཚན་གྱི་ཟུར་ཟབ་གཏེར་ཆོས་ཀྱི་སྒོ་འབྱེད་ལྡེ་མིག་མཚོ་རྒྱལ་སྤྲུལ་བ་བདེ་བའི་རྡོ་རྗེ།  འབྱེད་བྱའི་ཆོས་ཀྱི་སྒོ་བཅས་བསྟན་པའོ།  །

སངས་རྒྱས་གླིང་པའི《ཙིའུ་དམར་ཡང་བྱུང》ལས།  ཤར་སྨད་རྡོ་རྗེ་ཁྲོ་ལོད་འབྱུང༔  རིགས་ཀྱི་མྱུ་གུ་རསྨིའི་མིང༔  དགོངས་འདུས་སྐོར་གསུམ་ཆོས་ལ་དབང༔  ང་ཡི་བསྟན་པ་དེ་ཡིས་འཛིན༔  ཞེས་གང་ལས་བལྟམས་པའི་ཡབ་ཀྱི་རིགས་དང་མཚན་གྱི་ཟུར་དབང་བྱའི་ཆོས་བཅས་དངོས་སུ་བསྟན་པ་དང་།  རིག་འཛིན་བདུད་འདུལ་རྡོ་རྗེའི《འཇམ་དཔལ་གསང་འདུས་ཁ་བྱང》ལས།  རིག་འཛིན་གཡུ་སྒྲ་སྙིང་པོ་ཡི༔  སྤྲུལ་བ་དྲི་མེད་འོད་གསལ་འབྱུང༔  ཞེས་སྤྲུལ་གཞི་དང་མཚན་ཆ་ཚང་བཅས་བསྟན།  གཞན་ཡང་གཏེར་ཆེན་བདུད་འཇོམས་གླིང་པའི་གསང་བའི་རྣམ་ཐར་ཡེ་ཤེས་ཌྰ་ཀིས་དྲིས་ལན་ལས།  ཤྲྰི་སེང་ཁྱོད་ཀྱི་བུ་རུ་སྤྲུལ༔  འོད་གསལ་བསྟན་པའི་བ་དན་བསྒྲེང༔  འཁོར་ཚོགས་བཅུ་ཕྲག་ལྔ་བརྒྱ་འདྲེན༔  སྙིང་ཐིག་བསྟན་པའི་སྡོང་པོ་འཛུགས༔  ཞེས་སོགས་གསལ་བར་ལུང་བསྟན་པའོ།  །དེ་ལྟར་སྔོན་བྱོན་གྲུབ་པའི་དབང་ཕྱུག་རྣམས་ཀྱིས་འཁྲུལ་མེད་རྡོ་རྗེའི་ལུང་གིས་ཆེས་གསལ་བར་བསྔགས་པའི་དམ་པ་འདི་ཡི་སྔོན་གྱི་སྐུ་འཕྲེང་རིམ་བྱོན་ནི་རྒྱལ་དབང་པད་མ་ཀ་རའི་དྲི་མ་མེད་པའི་ལུང་ལས་འདི་ལྟར་སྣང་། 

གཞི་དབྱིངས་ཐོག་མའི་སྟོན་པ་ཀུན་ཏུ་བཟང༔  སྒྱུ་འཕྲུལ་འོད་གསལ་རིག་པ་རྡོ་རྗེ་སེམས༔  ཟུང་འཇུག་སྤྲུལ་བའི་རྣམ་རོལ་དགའ་རབ་རྗེ༔  འོད་ལུས་གྲུབ་པ་འཇམ་དཔལ་བཤེས་གཉེན་ཞབས༔  འཕོ་ཆེན་དྭངས་མའི་སྐུར་གྲུབ་ཤྲྰི་སེང༔  ཏནྟྲ་བཅོ་བརྒྱད་བཀའ་འབབ་ཡེ་ཤེས་མདོ༔   ཐུབ་པའི་སྤྱན་སྔར་དགྲ་བཅོམ་མདོ་སྡེ་འཛིན༔  གྲུབ་པའི་དབང་ཕྱུག་དྷརྨྰ་ལཀྵི་པ༔  སེམས་ཕྱོགས་རྒྱ་མཚོའི་མཛོད་འཛིན་བི་མ་ལ༔  པད་མས་རྗེས་བཟུངས་གཡུ་སྒྲ་སྙིང་པོའི་ཞབས༔  རྒྱལ་པོའི་སྲས་མོ་ལྷ་ལྕམ་པད་མ་གསལ༔  ཕུར་བའི་བཀའ་བབ་འདར་ཕྱར་པ་ཞེས་གྲགས༔  གཏེར་སྟོན་ཡོངས་ཀྱི་འཁོར་བསྒྱུར་ལས་འབྲེལ་རྩལ༔  མཁས་ཤིང་གྲུབ་བརྙེས་ཀློང་ཆེན་རབ་འབྱམས་པ༔ ཟབ་གཏེར་བརྒྱད་ལ་དབང་འབྱོར་པད་མ་གླིང༔  ཡར་ཀློང་ཨོ་རྒྱན་བསམ་གཏན་གླིང་པར་གྲགས༔  གཏེར་སྟོན་ཆེན་པོ་པྲ་ཛྙྰ་རསྨི་པ༔  ལ་སྒང་བཞད་པ་རྡོ་རྗེ་རྩལ་ཞེས་གྲགས༔  རིག་འཛིན་ཀློང་གསལ་སྙིང་པོ་གཏེར་བཞད་རྩལ༔  རྒྱ་ནག་མཁན་པོ་ཤཱཀྱ་དེ་ཝ་དང༔  མདོ་སྨད་ཁམས་སུ་མཉྫུ་ཤྲྰི་པ༔  ཀློང་ཆེན་དངོས་སྣང་འགྲོ་འདུལ་གླིང་བ་ཞེས༔  ཕྱི་མའི་དུས་སུ་ཨོ་རྒྱན་བཞད་པ་རྩལ༔  མ་འོངས་སངས་རྒྱས་མར་མེའི་རྒྱལ་མཚན་འཛིན༔  མོས་པའི་བར་དུ་འགྲོ་འདྲེན་རྒྱུན་མི་ཆད༔ 

ཞེས་པ་སོགས་སྐྱེས་ཆེན་འདི་ཉིད་འཁྲུངས་རྒྱུའི་ལུང་བསྟན་མང་དུ་གསལ་བ་ལྟར།  ཡབ་རྗེ་བདུད་འཇོམས་རྡོ་རྗེ་དང་ཡུམ་ཌྰ་ཀིའི་རིགས་ཅན་སྐེ་བཟའ་སངས་རྒྱས་མཚོ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅོ་ལྔ་བའི་ལྕགས་སྦྲུལ༼༡༨༨༡༽ལོའི་ས་ག་ཟླ་བའི་ཡར་ཚེས་ལ་སྐུ་བལྟམས་སྐབས་ཁང་ཁྱིམ་ཕྱི་ནང་ཐམས་ཅད་འཇའ་འོད་ཀྱིས་གང་བ་དང་།  ཁང་ཐོག་ཏུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་སྤྲུལ་པའི་བྱ་རྒོད་ཀྱིས་གར་འཁྲབ་པ་ཀུན་གྱིས་མཐོང་ཆོས་སུ་གྱུར་བ་སོགས་ངོ་མཚར་བའི་རྟགས་མང་དུ་བྱུང་།  ཡབ་ཀྱི་ཞལ་ནས་ཀྱང་ང་ཡི་བསྟན་པ་འཛིན་པའི་བུ་གཅིག་ཡིན་གསུངས།  དེ་ནས་ཟླ་གསུམ་གྱི་སྐབས་ཡུམ་གྱི་རྨི་ལམ་ལ་མཁའ་འགྲོ་མ་ཞིག་གིས་བུ་འདི་ཁྱེད་ལ་མི་དབང་ང་ལ་དབང་ཟེར་བ་རྨིས་པས་ཡུམ་གྱིས་བུ་འདི་མི་འཚམས་པ་ཨེ་ཡིན་དགོངས་ནས་ཡབ་ལ་ཞུས་ཚེ།  ཚེ་རིང་མས་བུ་བདག་བྱས་པ་ཡིན་ཁྱོད་ཀྱི་དེ་ཡི་གསོལ་ཁ་རེ་ཐོན་དང་སྤྲང་ཕྲུག་འཚམས་འགྲོ་གསུངས་ནས་མཚན་ལ་དྲི་མེད་འོད་གསལ་ཞེས་གསོལ།  དེ་ནས་དགུང་ལོ་གསུམ་ལ་སླེབས་ཚེ་སྐད་རིགས་དང་ཡིག་རིགས་མི་འདྲ་བ་དུ་མ་ཐུགས་ལ་ཤར།  དགུང་ལོ་དྲུག་ཏུ་སླེབས་ཚེ་སྐུ་མཆེད་ཆེ་བ་རྡོ་གྲུབ་བསྟན་པའི་ཉི་མས་རྩང་ཆེན་དགོན་དུ་ཁྲིད།  དེ་ཡི་སྐབས་རྡོ་གྲུབ་རིན་པོ་ཆེས་སློབ་མ་གཞན་ལ་གསང་སྙིང་དང་ངལ་གསོ་སྐོར་གསུམ་སོགས་འཆད་ཉན་བྱེད་པ་རྣམས་རང་བཞིན་གྱིས་ཐུགས་སུ་ཆུད་ནས་དགེ་རྒན་རྣམས་ལ་གྲུབ་མཐའི་འདོད་ཚུལ་གྱི་བགྲོ་གླིང་མཛད་པ་སྐུ་མཆེད་རིན་པོ་ཆེས་གསན་ནས།  ད་དུང་བྱིས་པ་ཡིན་པས་སློབ་མ་བསྐྱངས་ནས་ཆོས་འཆད་གྲབས་ཀྱི་དགོས་མེད།  ཁ་རོག་སྡོད་ལ་ཡི་གེ་འདི་བློར་ཚུད་པར་གྱིས་གསུངས་ནས་ཀུན་བཟང་བླ་མའི་ཞལ་ལུང་ཞིག་གནང་།  རྗེ་ཉིད་ནས་བླ་མའི་བཀའ་བཞིན་ཟླ་གཅིག་གིས་དབུ་ཞབས་མེད་པར་བློར་ཆུབ་པར་བྱས།  དགུང་ལོ་བདུན་བརྒྱད་ཀྱི་སྐོར་ལ་མཁའ་འགྲོས་ལུང་བསྟན་དང་ཨོ་རྒྱན་ཆེན་པོའི་ཞལ་མཇལ་བ་སོགས་ཐེངས་མང་བྱུང་ཡང་རིན་པོ་ཆེར་ཞུ་མ་སྤོབས།  དེ་ནས་གཙུག་ཕུད་རིན་པོ་ཆེ་ལ་ཕུལ་ནས་མཚན་འཇིགས་མེད་འཕྲིན་ལས་ཀུན་བཟང་རྣམ་རྒྱལ་ཞེས་གསོལ།  དགུང་ལོ་བརྒྱད་དགུར་བཞེས་སྐབས་སྣང་བ་ལ་དབང་ཐོབ་སྟེ་སྒོ་དང་སྒེའུ་ཁུང་ལ་མ་ལྟོས་པར་ཁང་ཁྱིམ་ཕྱི་ནང་ཀུན་ལ་ཟང་ཐལ་དུ་བྱོན་པ་སོགས་མཛད་ཀྱང་སྦས་ཚུལ་བསྟན། 

དགུང་ལོ་བཅུ་གཉིས་སྐབས་མ་དང་མཁའ་འགྲོས་ལུང་བསྟན་བྱུང་བ་ལྟར་ཕ་ཡུལ་ལ་བྱོན།  ཡབ་རྗེ་བླ་མའི་མདུན་ནས་གཏེར་ཁ་སྔ་ཕྱི་ཀུན་གྱི་དབང་ལུང་ཕྱག་བཞེས་སོགས་ལེགས་པར་གསན། 

དགུང་ལོ་བཅུ་གསུམ་གྱི་སྐོར་ལ་གཏེར་གསར་རྩ་རླུང་སྦྱང་ཚེ་རླུང་ཁུག་རེ་ལ་འཕྲུལ་འཁོར་ཉེར་ལྔ་རེ་རྫོགས་པར་ནུས་པའི་རླུང་སྟོབས་ལ་མངའ་དབང་མཛད།  ཉམས་དང་རྨི་ལམ་ལ་ཟགས་མདོག་དཔལ་རི་སོགས་དག་པའི་ཞིང་ཁམས་རྣམས་སུ་བྱོན་པ་དང་།  ཨོ་རྒྱན་རིན་པོ་ཆེས་རྡོར་དྲིལ་གནང་བ་སོགས་རྨིས།  དེ་ནི་མཁའ་འགྲོ་རྣམས་ཀྱིས་ལུང་བསྟན་ཏེ་ཁྱེད་ལ་མཁའ་འགྲོའི་ཐུགས་བཅུད་ཡང་ཏིག་གི་ཆོས་ལ་དབང་བའི་རྟགས་ཡིན་གསུངས་ནས་མཚན་གྱི་ཅོད་པཎ་པད་མ་འགྲོ་འདུལ་གསང་སྔགས་གླིང་པ་གསོལ།

དགུང་གྲངས་བཅུ་བདུན་གྱི་སྟེང་དུ་ཡབ་རྗེ་བླ་མའི་བཀའ་བཞིན་བྱ་བྲལ་གྱི་ཚུལ་མཛད་ནས་གསེར་མགོན་པོ་འབྲོང་རི་སོགས་གནས་ངེས་མེད་རྣམས་འགྲིམ་ཚེ་ལམ་བར་ནས་ཞལ་གཟིགས་དང་ལུང་བསྟན་མང་པོ་ཐོབ་ཀྱང་ཡི་གེ་མང་བར་དོགས་ནས་འདིར་མ་བཀོད།

དགུང་ལོ་བཅོ་བརྒྱད་སྟེང་གཏེར་གྱི་ཁ་བྱང་ལྟར།  གསེར་སྨད་རྔ་ལ་སྟག་རྩེར་ཆིབས་སྒྱུར་གནང་ཞིང་གསང་གཏེར་སྐོར་གསུམ་གྱི་གཏེར་སྒྲོམ་རིན་པོ་ཆེ་སྨུག་པོ་གླིང་ཆེན་གྱི་དབྱིབས་འདྲ་བ་དང་།  གནམ་ལྕགས་ཀྱི་ཕུར་བ།  རྡོ་རྗེ་རྩེ་ལྔ་བཅས་གསང་གཏེར་དུ་བཞེས།  དེ་སྐབས་ཡབ་ཀྱིས་ཕྱག་ཡིག་ཐོན་ནས་རང་ཡུལ་ལ་ཕྱིར་ཕེབས་པར་མཛད།  མཁའ་འགྲོ་ཀུན་གསལ་མའི་གཏེར་གྱི་ཁ་བྱང་།  གཏེར་གནས།  ཆོས་བདག  གཟུང་མ་བཅས་ལུང་བསྟན་པ་ཡབ་རྗེ་བླ་མར་ཞུས་པས་ཁྱོད་ལྷ་ལྡན་ལ་བྱོན་ན་དེ་ཐམས་ཅད་ཀྱི་རྟེན་འབྲེལ་འགྲིག་གསུངས་པས་དབུས་སུ་བྱོན་པར་ཞལ་གྱིས་བཞེས།

དགུང་ལོ་ཉི་ཤུ་ཡས་མས་ཀྱི་སྟེང་དུ་ཡབ་རྗེ་བླ་མའི་གསུང་ཆོས་འཆད་སྤེལ་མཐའ་རྒྱས་སུ་མཛད་ནས་ཁོང་ཉིད་ཀྱི་ཟབ་ཆོས་སྣ་འགའ་རེ་ཆོས་བདག་པད་མ་ལུང་རྟོགས་ཆོས་ཀྱི་རྒྱ་མཚོར་གཏད།  ཡབ་རྗེ་བླ་མའི་གསུང་རྩ་གསུམ་ཆོས་སྐྱོང་དང་བཅས་པའི་མཚམས་ལ་དམ་རྒྱར་བཞུགས་ནས་ཞལ་གཟིགས་ལུང་བསྟན་སོགས་མཐོང་སྣང་སྣ་ཚོགས་བྱུང་།  མཚམས་གྲོལ་སྐབས་ཡབ་རྗེ་བླ་མའི་ཞལ་ནས་ད་ཁྱོད་ཀྱི་མཚམས་སྐྲ་ཞོག་ལ་ང་ཡི་རྗེས་སུ་ཞུགས་དང་བསྟན་འགྲོའི་དོན་ཤུགས་ལ་འབྱུང་ཡོང་གསུངས་ནས་སྐྲ་དབང་བསྐུར་སྐབས།  བླ་མས་ང་སྣང་བ་ལ་དབང་ཐོབ་པའི་གང་ཟག་ཡིན་པས།  ད་ལན་ངས་ཁྱོད་ལ་སྤྲོས་མེད་དོན་གྱི་གསང་དབང་སྐུར་བ་ཡིན་གསུངས་ནས།  གཙང་ཆབ་བདུད་རྩིའི་ཆུ་རྒྱུན་གྱི་སྐྲ་དབང་ཡོངས་རྫོགས་བསྐུར་ཏེ་དཔའ་བོ་ཡབ་ཡུམ་རྟེན་བཞུགས་བྱེད་ཚེ།  རྗེ་ཉིད་ཀྱི་སྐུ་ལུས་འཕར་བ་དང་།  གཡོ་བ་འཁྲབ་པ་སོགས་རང་དབང་མེད་པར་མཛད།  གནས་ཁང་ཕྱི་ནང་ཀུན་ཏུ་དྲི་བཟང་འཐུལ་བ་དང་།  རོལ་མོ་སྣ་ཚོགས་སྒྲོགས་པ་སོགས་ངོ་མཚར་བའི་མཚན་ལྟས་དུ་མ་བྱུང་།  ཉམས་སྣང་ལ་མཁའ་འགྲོའི་ཚོགས་རྗེ་རུ་གྱུར་ནས་ཚོགས་ཀྱི་དགའ་སྟོན་ལ་རོལ་བ་སོགས་དབུགས་དབྱུང་བར་མཛད།

དགུང་གྲངས་ཉེར་གཉིས་ལོར་ཡབ་ཀྱི་བཀའ་བཞིན་བྱ་བྲལ་གྱི་ཚུལ་དུ་གཉན་ཁྲོད་བརྒྱ་རྩ་འགྲིམ་ཞོར་ལ་བྲག་དཀར་སྤྲེལ་རྫོང་གི་གཏེར་ཁ་རྣམས་འདོན་སར་འགྲོ་སྐབས་ཡབ་ཀྱི་ཞལ་ནས་ད་ཆོས་ཐམས་ཅད་རྟེན་འབྲེལ་ཡིན་པས་ཕ་རྗེས་བུ་ཡིས་ཟིན་ཕྱིར།  ངས་གཟན་དཀར་དུང་རྣ་མཐིང་ཤམ་རྣམས་ཁྱེད་ལ་གཏད་པ་ཡིན་པས་ངའི་དགོངས་རྒྱུད་ཀྱི་རྟོགས་པ་རྣམས་དང་ཚེ་བསོད་ནམས་དཔལ་འབྱོར་མངའ་ཐང་གཟི་བརྗིད་ཐམས་ཅད་ཁྱོད་ལ་ཐོབ་པར་ཤོག་ཅིག  ཞེས་སོགས་སྨོན་ལམ་དང་གཏད་རྒྱ་མང་པོ་མཛད་མཐར་ཆང་ཀ་པཱ་ལ་གང་གནང་ནས་འདི་ཡབ་མེས་ཀྱི་སྲོལ་རེད།  མར་བ་ལོ་ཙཱས་རྗེ་མི་ལ་བཞད་པ་རྡོ་རྗེ་བྲག་དཀར་རྟ་སོ་ལ་ཕེབས་དུས་སྐྱེལ་ཆང་གནང་བ་བཞིན།  ངས་ཀྱང་ཁྱེད་བྲག་དཀར་སྤྲེལ་རྫོང་ལ་བྱོན་སྐྱེམ་དུ་དྲངས་པ་ཡིན་པས་ལྷག་མེད་དུ་གསོལ་དང་བྱིན་རླབས་ཀྱི་ཚན་ཁ་རེ་ཐོབ་ཡོང་གསུངས་ནས་གནང་བ་ལྷག་མེད་དུ་རོལ་ནས་བྱོན་ཚེ་སྨར་གྱི་དགོན་ལུང་ཞེས་པ་ནས་ཀོའུ་མི་ཏྲའི་སྤྲུལ་བའི་ཨ་ལྕོག་ཞིག་དང་འཕྲད་ནས།  ཁོང་གཉིས་སྐུ་འཕྲེང་རིམ་བྱོན་གྱི་འབྲེལ་བ་ཆེ་ཚུལ་དང་།  རྗེ་གང་གི་གཏེར་གནས་དང་གཏེར་གྱི་ཁ་བྱང་།  གཏེར་གྲོགས།  ཆོས་བདག  ཡི་གེའི་འདུ་བྱེད་པ་སོགས་གསལ་པོ་ལུང་འདི་ལྟར་བསྟན།  རྣལ་འབྱོར་ཀོ་འུ་མི་ཏྲ་ང༔  སྐྱེ་བ་མེད་ལ་འོད་གསལ་སྐུ༔  འགགས་པ་མེད་ལ་འཁོར་འདས་གསལ༔  སྣང་སྲིད་གསལ་བའི་མེ་ལོང་ཡོད༔  ཁྱོད་ཀུ་ཀུ་ནས་བཟུང་ད་བར་དུ༔  བསྟན་འགྲོ་བའི་དཔལ་དུ་ཤར་བ་རྣམས༔  ངས་འཆུགས་མེད་བརྡ་ཡི་རིས་སུ་བཏབས༔  དུས་སྨོན་ལམ་འཛོམ་ན་གཏད་རྒྱ་ཁྲོལ༔  ད་རྒྱལ་ཁམས་འགྲིམ་པའི་རྣལ་འབྱོར་ངས༔  ཀུ་ཀུ་དང་ཀོའུའི་ལོ་རྒྱུས་དང༔  འབྱུང་འགྱུར་གྱི་གཏམ་རྣམས་ཟུར་ཙམ་བཤད༔  ཁྱོད་གཡོ་རྒྱུ་རྡོ་རྗེ་གཟི་བརྗིད་རྩལ༔  རྟོགས་པ་ཕུལ་ཕྱིན་མཁས་ཤིང་གྲུབ་པ་བརྙེས༔  ཟབ་ཆོས་གསང་བ་མན་ངག་སྡེ་གསུམ་གྱི༔  ཆོས་མཛོད་གདམས་པའི་གཏེར་སྒོ་དུ་མ་ཕྱེས༔  དེ་དུས་ཀོ་འུ་མི་ཏྲའི་སྤྲུལ་བ་ནི༔  ཆོས་ཀྱི་བདག་པོ་འོད་ཟེར་གོ་ཆ་ཡིན༔  ཟབ་ཆོས་བསྟན་པའི་གསོས་སུ་སྨན་པར་གྱུར༔  སྣོལ་མོ་སྒང་དུ་པད་མ་གླིང་བར་བཞེངས༔  ཀུན་བཟང་དགོངས་པའི་ཆོས་མཛོད་དུ་མ་དང༔  ཟབ་གཏེར་བདུན་ལ་དབང་ཞིང་འགྲོ་བ་འདྲེན༔  དེ་དུས་ཀོ་འུ་མི་ཏྲའི་སྤྲུལ་བ་ནི༔  ཆོས་ཀྱི་བདག་པོ་སྐྱེས་བུ་པད་མ་རྩལ༔  ཡི་གེའི་འདུ་བྱེད་ཟབ་གཏེར་འཕྲིན་ལས་རྒྱས༔  ཡོལ་མོ་གཞུང་དུ་ཁྱོད་ཀྱི་བསམ་གཏན་གླིང༔  མཁའ་འགྲོ་གསང་བའི་སྙིང་ཐིག་ཆོས་ལ་དབང༔  དེ་དུས་ཀོའུ་མི་ཏྲའི་སྤྲུལ་བ་ནི༔  ཆོས་བདག་སྐྱེས་བུ་བསོད་ནམས་བསྟན་འཛིན་བྱུང༔  ཟབ་གཏེར་གཉིས་ཀྱི་འཛིན་སྐྱོང་མཐའ་རྒྱས་མཛད༔  དེ་དག་ཆེ་ལུང་ཙམ་ཞིག་བརྗོད་པ་ཡིན༔  སླར་ཡང་ཁྱོད་ནི་བེ་རོ་ནམ་སྙིང་དང༔  ཀུན་བཟང་མཚོ་སྐྱེས་རྡོ་རྗེ་གཡུ་སྒྲ་ཡི༔  སྤྲུལ་བ་གཏེར་སྟོན་གསང་སྔགས་གླིང་པ་ཞེས༔  སྤྲོ་ཐུང་རིག་པ་ཧུར་ཞིང་ཆོས་ཉིད་མཐོང༔  ཟབ་གཏེར་གསུམ་འདོན་གདུལ་བྱ་ཐབས་ཀྱིས་འདྲེན༔  དེ་དུས་ཀོ་འུ་མི་ཏྲའི་སྤྲུལ་བ་ནི༔  ཆོས་བདག་སྐྱེས་བུ་སྣ་ཚོགས་རང་གྲོལ་ཡིན༔  འདི་ནས་མི་གནས་མྱ་ངན་འདས་འོག་ན༔  ཁྱོད་ནི་གཏེར་སྟོན་པད་པ་ཀྲོལ་ཡངས་དང༔  ཨོ་རྒྱན་བཞད་པ་རྩལ་ཞེས་གྲུབ་བརྙེས་པ༔  མཁའ་འགྲོ་གསང་བའི་སྙིང་ཐིག་ཆོས་ལ་དབང༔  ཁྱད་པར་ས་གཏེར་བདུན་གྱིས་བསྟན་འགྲོར་སྨན༔  དེ་དུས་ཀོ་འུ་མི་ཏྲའི་སྤྲུལ་བ་ནི༔  རིགས་ཀྱི་མྱུ་གུ་འམ་ནི་ཆོས་ཀྱི་བདག༔  གཏེར་སྟོན་ཁྲག་འཐུང་གར་གྱི་དབང་ཕྱུག་འབྱུང༔  ཁྱོད་ཀྱི་གཏེར་གནས་གང་ཡིན་ཞེས་པ་ནི༔  རྨ་ཆེན་སྦོམ་ར་པད་མ་རི་མཐོ་དང༔  སྤྲེལ་རྫོང་བྲག་དཀར་གཡུ་མཚོ་བྲག་དཀར་དང༔  སེང་གེ་རྫོང་གསུམ་སྒྲགས་མདའ་རི་བོ་ཆེ༔  ངང་བ་ལྷ་རི་སྡོང་ར་བྲག་དཀར་དང༔  དྲིལ་གཞོན་ལྷ་རྩེ་ཤིང་ལོ་ཡིག་དྲུག་མ༔  སེང་གེ་སྒང་མཆོང་ནེེ་གྲོ་ལ་སོགས་ནས༔   གནས་ཆེན་གཏེར་ཆེན་གནས་ཕྲན་གཏེར་ཕྲན་འདོན༔  ཟབ་གཏེར་དུ་མའི་ཆོས་སྒོ་གསར་དུ་འབྱེད༔  རྫས་གཏེར་སྐུ་ཚབ་རིན་ཆེན་གཟི་སྒྲོམ་དང༔  མཆོང་སྒྲོམ་ཤེལ་སྒྲོམ་གཡུ་སྒྲོན་བསེ་ཡི་སྒྲོམ༔  གནམ་ལྕགས་ཕུར་བ་ཐུགས་རྟེན་རྡོ་རྗེ་དང༔  གཏེར་རིགས་མི་འདྲ་བརྒྱ་དང་རྩ་བརྒྱད་འདོན༔  རེ་འགའ་ཆོས་གཏེར་ཕལ་ཆེར་རྫས་གཏེར་འདོན༔  དེ་དག་ལོག་ལམ་སབྷས་མ་བསྒྱུར་ཞིང༔  ཚུལ་བཞིན་ལེན་པའི་རྟེན་འབྲེལ་དུས་འཛོམ་ན༔  མཐའ་དམག་ཀླ་ཀློའི་འཕེལ་ཁ་ལོ་བརྒྱར་བཟློག༔  གཏེར་གྱི་གྲོགས་དང་ཆོད་བདག་གང་ཞེ་ན༔  མི་མིན་ལྷ་ཡི་རིགས་ཅན་མཱུ་དྲ་ལྔ༔  རིགས་དང་ཉེ་གནས་སྨོན་ལམ་དབང་གིས་འཛོམ༔  དེ་རྣམས་ཁྱོད་སྔོན་གཏེར་རིགས་འཛིན་པའི་དུས༔  གཟུགས་མེད་ལྷ་འདྲེ་གདུལ་བྱར་གཟིགས་ནས་ནི༔  གང་འདུལ་སྤྲལ་བས་འགྲོ་ཁམས་བདེ་ལ་བཀོད༔  དེ་དུས་དེ་རྣམས་སྨོན་ལམ་རྣམ་དག་པས༔  ཟུང་འཇུག་རྟེན་འབྲེལ་འབྱུང་བ་དེ་ལྟར་ལགས༔  དབྱིངས་ཀྱི་སྤྲུལ་བ་དབྱིངས་སྣང་མཁའ་འགྲོ་ལྔ༔  སྟག་ཡོས་འབྲུག་སྦྲུལ་གླང་ངམ་ཁྱི་ལོ་པ༔ དེ་དག་རྩ་བའི་གཟུང་མ་ཌྰ་ཀི་ལྔ༔  འཕྲལ་འཕྲལ་དངོས་གྲུབ་གཏེར་དང་གདུལ་བྱ་རྒྱས༔  དབང་ཐང་སྤེལ་དང་རིགས་རྒྱུད་འཛིན་པ་ཡི༔  ཆ་གསུམ་ཡ་བཞི་གཏེར་གྱི་གྲོགས་སུ་བསྔགས༔  དེ་དག་རྩ་བའི་གཟུང་དང་གྲོགས་རྣམས་ནི༔  རང་རང་བརྡ་བྱང་ཇི་བཞིན་མ་ནོར་བར༔  སྐབས་རེར་གཏེར་ལ་ཕན་པའི་ཉེ་རྒྱུ་དང༔  རྫས་སོགས་རྟེན་འབྲེལ་དུས་ལས་མི་ཡོལ་བའི༔  ཐབས་མཁས་ཤེས་རབ་མིག་གིས་འབྱེད་པར་མཛོད༔  ཚེ་རབས་མང་འབྲེལ་མཆོག་གི་གཟུང་མ༼དབུས་བཟའ་མཁའ་འགྲོ་བདེ་བའི་རྡོ་རྗེ༽ནི༔  ནུབ་ཕྱོགས་སྤྲིན་དཀར་ཁུར་བའི་སྒྲ་བརྒྱར་འཛིན༔  གནས་ཞིང་ལས་སྐྱེས་ཟབ་མོ་གཏེར་ལ་དབང༔  པད་མའི་རིགས་ཅན་སྤྱི་མགྲིན་སྙིང་ག་རུ༔  བྃ་དང་ཧ་རི་ནི་སའི་རི་མོ་ཡོད༔  སྤྲོ་ཐུང་རིག་པ་ཧུར་ཞིང་སྤྱོད་ལམ་མཛེས༔  དཀར་དམར་སྨེ་བས་ལུས་ཀུན་རྒྱན་རིས་བཀྲ༔  མཆན་དང་མཁར་ཁུག་དགའ་འཁྱིལ་གཡུང་དྲུང་མཛེས༔  གནོད་སྦྱིན་ཆེན་པོར་འཕྲིན་ལས་བཅོལ་བ་དང༔  འགུགས་བྱེད་ལྕགས་ཀྱུའི་སྦྱོར་བའི་ལས་བརྩམ་ན༔  སྔོན་སྨོན་རྟེན་འབྲེལ་དུས་སུ་སད་པར་ངེས༔  དེ་དུས་ནག་པོ་བདུད་དབང་མ་ཤོར་ན༔  སྐུ་ཚེའི་འཕེལ་ཁ་བདུན་ཅུར་འཚོ་བར་འགྱུར༔  ཆོས་བཀའ་བབ་སྐྱེ་བུའི་རིམ་པ་ནི༔  ཀོ་འུ་མི་ཏྲ་འབྲོག་མིའི་སྤྲུལ་བ་ནི༔  ལྷ་ཡི་གདུང་རིགས་མི་རིང་ཉེ་བའི་སར༔  སྒྲ་བརྒྱའི་ལོ་ཁུར་རང་གྲོལ༼དབལ་ཤུལ་བསོད་རྒན་སྤྲུལ་སྐུ་སྣ་ཚོགས་རང་གྲོལ༽མིང་མཐའ་ཅན༔  སྨོན་ལམ་ལྡན་པ་བི་མའི་རྣམ་སྤྲུལ་ནི༔  ཤིསྟའི་མིང་འཛིན་རླུང་སེམས་ཆོས་ལ་དབང༔  པད་འབྱུང་སྤྲུལ་བ་སུ་ཁ་བཛྲ་དང༔  མདོ་གསུམ་འདུས་པའི་ཉེ་ཆར་དུས་སུ་འཛོམ༔  ཡི་གེའི་འདུ་བྱེད་ཆོས་བདག་སྐྱེས་བུ་ནི༔  མི་རིང་རང་གནས་ཤར་སྟོད་ཕྱོགས་ན་ཡོད༔  བཛྲ་མིང་ཅན༼ཚུལ་ཁྲིམས་རྡོ་རྗེ༽སྨོན་ལམ་དབང་གིས་འཕྲད༔  ཡང་གཅིག་ཨ་ཙར་སྤྲུལ་བ་བིརྱའི༼རེབ་གོང་བྱ་བྲལ་བ་ལྷུན་གྲུབ་རིག་འཛིན༽མིང༔  པུཎྱེའི་མིང་དང༼དྲག་སྔགས་པ་བསོད་ནམས་འབུམ༽སངྒ་བི་མའི༼དྲི་མེད་རྣམ་དག༽མིང༔  དེ་ཝ་ཀིརྟི་ཀ་རི་ཤིནྟཾ་མིང༔  པྲ་ཛྙྰའི་མིང་དང་ཛྙྰ་ན་ཤྲྰིའི་མིང༔  ཨ་ཡུ་གུ་ཎ་ཀརྨ་ངྷརྨྰའི་མིང༔  ༼ཧབ་ཤུབ་བླ་མ་ཆོས་གྲགས༽  བཛྲ་རཏྣ་ལ་སོགས་རིམ་གྱིས་འབྱུང༔  རང་རང་དབང་སྐལ་གདམས་པ་ཉམས་བླངས་ནས༔  ཚེ་འདིར་དོན་གཉིས་འགྲུབ་པ་ཤ་སྟག་འབྱུང༔  དེ་དག་ཁྱོད་ཀྱི་གདུལ་བྱ་ཟུར་ཙམ་ཡིན༔  ཞེས་སོགས་ལུང་བསྟན་མང་དུ་གསུངས་སོ༎  དེ་ནས་རིམ་བཞིན་སྤྲེལ་རྫོང་སོགས་དབེན་གནས་རྣམས་སུ་བྱོན་ནས།  ཟབ་ལམ་གྱི་བསྒྲུབས་པ་མཛད་དེ་དངོས་ཡོད་མི་དང་དངོས་མེད་ལྷ་འདྲེའི་འགྲོ་དོན་མཐའ་ཡས་པ་མཛད།  གནས་ཆེན་གནས་ཕྲན་ཀུན་ནས་ཟབ་གཏེར་དུ་མ་སྤྱན་དྲངས།  རྡོ་རྗེ་ཕག་མོའི་ཞལ་གཟིགས་ནས་མི་དང་མི་ལབ་བཞིན་བྱུང་།  གཞན་ཡང་ལུང་བསྟན་དང་མཐོང་སྣང་ཕྱག་ཞབས་ཀྱི་རྗེས་སོགས་གྲུབ་པའི་རྟགས་མཚན་གྱིས་གྲངས་མེད་གདུལ་བྱའི་བློ་ཁ་ཆོས་ལ་བསྒྱུར།

དགུང་ལོ་ཉེར་གསུམ་སྟེང་དུ་མཁའ་འགྲོའི་ཞལ་ལུང་ལྟར།  རང་ཡུལ་དུ་གསེར་ཞལ་བསྒྱུར་ནས་ཡབ་ཀྱི་བཀའ་བཞིན་སྐུ་མཚམས་ལ་བཞུགས་སྐབས་ཡབ་རྗེ་བླ་མའི་གསུངས་ཚུལ་དང་ཁོང་རང་གི་ཉམས་སྣང་ལུང་བསྟན་གང་ལ་བལྟས་ཀྱང་ཡབ་རྗེ་བླ་མ་ཡུན་རིང་མི་བཞུགས་པར་དགོངས་ནས་ཡབ་རྗེ་བླ་མ་ལ་བཞུགས་ཞུས་དང་ལུང་བསྟན་མང་པོ་ཞུས།  ཡབ་ཀྱིས་ཀྱང་ང་དང་མ་འཕྲད་པར་ཨོ་རྒྱན་ཟ་ཧོར་མ་འདི་གཏེར་རྫས་ཀུན་གྱི་ཉིང་བཅུད་ཡིན་པས་ངའི་ཚབ་ཏུ་ཁྱེད་ལ་སྦྱིན།  གཞན་སུ་ལའང་མི་དབང་གསུངས།  དེ་མིན་གྱི་གཏེར་རྫས་གཞན་རྣམས་དང་གཡང་ཐོད་སོགས་བླ་མ་ལ་སྐུ་ཆས་ཅི་ཡོད་ཐམས་ཅད་རྗེ་ལ་གཅེས་ནོར་དུ་གནང་ནས་སྨོན་ལམ་དང་གཏད་རྒྱ་མཛད་མཐར་ལོ་དེའི༼༡༩༠༤༽ཟླ་བཅུ་གཅིག་པའི་ཚེས་བརྒྱད་ལ་ཡབ་རྗེ་བླ་མའི་གཟུགས་སྐུའི་བཀོད་པ་རེ་ཞིག་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན།  དེའི་སྐབས་བླ་མའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་ཞིག་འཕྲོས་ཏེ་སྐྱབས་རྗེ་ཉིད་ཀྱི་ཐུགས་ཀར་ཐིམ་པས་ཞག་ཆ་ཤས་ཀྱི་བར་འོད་གསལ་ཆེན་པོ་དང་མ་འབྲལ་བར་གནས་པས་འདས་རྗེས་ཀྱི་ཆོས་ཀོར་མཐའ་ཡས་པའི་བཀའ་བབ།  ཡང་ཡབ་རྗེ་བླ་མའི་གདུང་མདུན་ནས་གདུང་དབྱངས་ཚིགས་བཅད་ཤོ་ལོ་ཀ་མང་པོ་གསུངས་མཐར་ཞལ་དངོས་སུ་གཟིགས་ནས་ཤོག་དྲིལ་གསུམ་གནང་སྟེ་འདི་ང་རང་གི་སྐུ་རྒྱུད་ཉི་མའི་སྙིང་པོ།  གསུང་རྒྱུད་མུན་སེལ་སྒྲོན་མེ།  ཐུགས་རྒྱུད་བྱིན་རླབས་སྤྲིན་ཕུང་རྣམས་ཀྱི་བརྡ་ཤོག་ཡིན་གསུངས་ནས་ཕྱི་ནང་གསང་གསུམ་གྱི་སྒྲུབ་པའི་བཀའ་དབང་ཡོངས་རྫོགས་བསྐུར།  གཞན་ཡང་བླ་མའི་སྐུ་གདུང་ཞུག་འབུལ་སྐབས་རྗེ་ཡིས་ཐུགས་ཆུང་མཛད་ནས་བཤུམ་ཚེ།  ཡབ་རྗེ་བླ་མའི་སྐུ་མི་སྣང་བར་གསུང་གི་གདངས་ལས་འབྱུང་དང་འབྱུང་འགྱུར་གྱི་ལུང་བསྟན་མང་པོ་གསུངས།  གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་ཞིག་དངོས་སུ་གནང་བ་ཀུན་གྱི་མཐོང་ཆོས་སུ་གྱུར།  དེ་ནས་རྗེ་གང་གིས་བླ་མའི་སྐུ་གདུང་མཆོད་རྟེན་མདའ་གང་ཙམ་བཞེངས་ཏེ་ཞག་བདུན་དུ་རབ་གནས་མཛད་ཚེ་མེ་ཏོག་གི་ཆར་བབ་པ་དང་དྲི་བཟང་གི་ན་བུན་འཐུལ་བ་སོགས་ངོ་མཚར་བའི་རྟགས་མཚན་དུ་མ་བྱུང་། 

སྲས་དྲུག་པ་ལྷ་ཆེན་སྟོབས་རྒྱལ་ངོ་སྤྲོད་མདོར་བསྡུས། 

གཏེར་ཆེན་བདུད་འཇོམས་གླིང་པའི་སྲས་དྲུག་པ་གནུབས་ཆེན་ནམ་མཁའི་སྙིང་པོའི་སྤྲུལ་བའི་རོལ་གར་ལྷ་ཆེན་སྟོབས་རྒྱལ་མཆོག་ནི་ཡབ་རྗེ་གཏེར་ཆེན་རིན་པོ་ཆེ་དགུང་གྲངས་ལྔ་བཅུ་བ༼༡༨༨༤༽པ་ཧོར་ཟླ་བརྒྱད་པའི་ཚེས་བཅུའི་ནུབ་མཁའ་འགྲོ་མ་བདེ་བའི་འབྱུང་གནས་ཀྱི་ཞལ་གཟིགས་ཏེ།

སང་ཕོད་ནམ་མཁའི་སྙིང་པོ་ཉིད༔                

ཁྱོད་ཀྱི་སྲས་སུ་འབྱུང་འགྱུར་གྱི༔

བསྟན་དང་འགྲོ་ལ་ཕན་ཐོགས་འབྱུང༔

  ཞེས་ལུང་བསྟན་པ་ལྟར།  བོད་རབ་བྱུང་བཅོ་ལྔ་བའི་ཤིང་བྱ༼༡༨༨༥༽ལོར་མཁའ་འགྲོ་མ་ཆུང་བ་སྐལ་བཟང་སྒྲོན་མའི་སྲས་སུ་སྐུ་འཁྲུངས།  ཞག་བཅུ་ཕྲག་གཉིས་ནས་མ་ལ་འབོད་པ་དང་གསུང་མཆོག་ཡི་གེ་དྲུག་མ་བཟླ་ཤེས་པ་སོགས་ངོ་མཚར་བའི་རྟགས་མང་དུ་བྱུང་།  གཞི་ཆེན་ཨ་པང་སྐུ་ཆེན་གྱི་ཡང་སྲིད་དུ་ངོས་བཟུང་སྟེ་དགུང་གྲངས་བཅུ་དགུ་པ་ཆུ་སྦྲུལ༼༡༨༩༣༽ལོའི་སྟོན་ཟླ་ར་བའི་ཚེས་བཅུ་གསུམ་ཉིན་སྟག་རྩེད་བསམ་འགྲུབ་ཆོས་འཁོར་གླིང་དུ་གསེར་ཁྲིར་མངའ་གསོལ།  ཡབ་རྗེ་བདུད་འཇོམས་གླིང་པ་དང་།  སྐུ་མཆེད་དྲི་མེད་འོད་ཟེར་སོགས་བཤེས་གཉེན་དུ་མས་བཀའ་ལུང་དབང་ཁྲིད་མང་པོ་སྨིན་པར་བྱས།  ལྷག་པར་དུ་གསོ་བ་རིག་པ་ལ་ཧ་ཅང་མཁས་པས་བཅོས་དཀའ་བའི་ནད་དང་མཛེ་ནད་སོགས་གསོ་ཐུབ་པའི་ལོ་རྒྱུས་མང་དུ་སྣང་།  མཚོ་སྔོན་གྱི་སྒོ་མོའི་ན་གཞུང་ཞེས་བྱ་བར་རེག་ཚད་ཀྱི་འབྱུང་འཁྲུག་གི་ནད་ཞི་ནུས་པའི་རང་བྱུང་གི་སྨན་ཆུ་ཞིག་གཏེར་དུ་བཞེས་ཡོད་པ་ད་ལྟའང་མཇལ་རྒྱུ་ཡོད་ཟེར།  སྐུ་ཚེ་ཧྲིལ་བོར་རྨ་ཆེན་གངས་དཀར་དང་།  བྲག་དཀར་སྤྲེལ་རྫོང་སོགས་སུ་སྒྲུབ་པ་ཉམས་ལེན་ཁོ་ནར་བརྩོན།  ཡབ་རྗེ་བླ་མའི་གསུང་ཟབ་ཆོས་གསང་བ་སྐོར་བཞིའི་དབང་ལུང་ཕྱོགས་དུས་ཀུན་ཏུ་སྤེལ།  རབ་བྱུང་བཅུ་དྲུག་པའི་ཆུ་རྟ༼༡༩༤༢༽ལོར་རང་ཡུལ་དུ་བྱོན་པའི་ལམ་བར་ནས་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ༎

སྲས་བདུན་པ་ནམ་མཁའ་འཇིགས་མེད་ངོ་སྤྲོད་མདོར་བསྡུས། 

ཉེ་སྲས་བདུན་པ་གྲུབ་དབང་ནམ་མཁའ་འཇིགས་མེད་པདྨ་མཁའ་ཀློང་ཡངས་པ་རྩལ་ནི་རབ་བྱུང་བཅོ་ལྔ་པའི་ས་བྱི༼༡༨༨༨༽ལོར་ཡབ་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་དང་།  ཡུམ་ཨ་སྐྱབས་བཟའ་སྐལ་བཟང་སྒྲོན་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།  རྫ་མཚམས་སྤྲུལ་རིན་པོ་ཆེ་ཀུན་བཟང་བདེ་ཆེན་རྡོ་རྗེ་དང་ཡབ་རྗེ་བླ་མ་བདུད་འཇོམས་རྡོ་རྗེ་སོགས་ཡེ་ཤེས་ཀྱི་སྤྱན་ལྡན་དུ་མས་རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་ཡང་སྲིད་དུ་ངོས་བཟུང་། 

དགུང་གྲངས་བརྒྱད་པར་

རྫ་རྒྱལ་དགོན་ཕུན་ཚོགས་ནོར་བུའི་གླིང་དུ་གསེར་ཁྲིར་མངའ་གསོལ་བྱས།  རྗེ་འདི་ཡུམ་གྱི་ལྷུམ་ན་བཞུགས་ཚེ་གསུང་མཆོག་ཡི་གེ་དྲུག་མ་བཟླ་བ་དང་།  སྐུ་བལྟམས་པའི་ཚེ་ཁང་ཁྱིམ་ཕྱི་ནང་ཐམས་ཅད་འཇའ་ཚོན་གྱིས་གང་བ་དང་།  དྲི་བཟང་གིས་ཁྱབ་པ་སོགས་ངོ་མཚར་བའི་རྟགས་མང་དུ་བྱུང་།  ཟླ་གཅིག་ཙམ་ནས་སྤྱན་རས་གཟིགས་ཀྱི་ཞལ་མཇལ།

དགུང་གྲངས་གསུམ་ནས་ཟབ་མོ་གཏེར་གྱི་ལས་འཕྲོ་སད་དེ་གཏེར་སྒྲོམ་དུ་མ་རྙེད།  ཡི་གེའི་ཕྱི་མོ་རྣམས་མ་བསླབ་རང་ཤེས་སུ་སོང་།  རྩེ་གྲོགས་ངག་དབང་འཕྲིན་ལས་དང་ལྷན་ཅིག་རྩེད་འཇོ་ལ་རོལ་བའི་སྐབས་ཀུན་ཏུ་བྱིའུ་སོགས་བསད་དེ་ཞག་ཁ་ཤས་ནས་སླར་གསོ་བ་དང་།  ཡབ་རྗེ་བླ་མའི་དྲུང་དུ་མཁར་གྱི་ཡང་རྩེར་འཕུར་བ་དང་།  ལྕགས་དང་སྤོས་ལ་མདུད་པ་བོར་བ།  ཁང་ཁྱིམ་དང་རི་བྲག་ལ་ཟང་ཐལ་དུ་བྱོན་པ།  རོ་ལངས་འདུལ་བ།  མཚོ་སྔོན་པོར་ཉ་ལྟར་བགྲོད་པ་སོགས་རྫུ་འཕྲུལ་ཡ་མ་ཟུང་ལ་དབང་བསྒྱུར།  ཡབ་རྗེ་བླ་མ་བདུད་འཇོམས་རྡོ་རྗེ་དང་།  དགེ་མིང་མཁན་པོ་ཀུན་དཔལ་སོགས་དམ་པའི་བཤེས་གཉེན་མང་དུ་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པར་མཁས་པའི་ཡང་རྩེར་བསྙེགས།  ཁྱད་པར་ཐ་སྙད་འབད་རྩོལ་གྱི་ངལ་བ་ལ་མ་ལྟོས་པར་ཐུགས་གསང་མཉམ་པ་ཆེན་པོའི་ཀློང་ལས་རིག་སྟོང་པདྨ་ཀ་རའི་རང་ཞལ་མངོན་སུམ་དུ་མཇལ་ཏེ་བརྒྱུད་གསུམ་ཆུ་བོ་གཅིག་འདྲེས་ཀྱི་ཚུལ་དུ་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་གཏེར་རང་བྱུང་དུ་རྡོལ་ཏེ་གྲོལ་བ་བཞི་ལྡན་གྱི་ཟབ་ཆོས་རྨད་དུ་བྱུང་བ་ཐེག་པ་རིམ་དགུ་མཚོན་པའི་བརྡར་ཟབ་གཏེར་པོད་དགུ་གདུལ་བྱའི་ལྷག་མ་སྐྱོང་ཕྱིར་ཟབ་མོ་དག་སྣང་གི་མཛོད་ཁང་ནས་སྤྱན་དྲངས།  རྗེ་འདི་ཉིད་ཀྱིས་སྐལ་ལྡན་སློབ་མའི་ཚོགས་ལ་ཆོས་ཀྱི་འཁོར་ལོ་དང་པོ་སྐོར་སྐབས་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་ལུང་བསྟན་དང་དབུགས་དབྱུང་སྟེ་ཤིས་བརྗོད་མེ་ཏོག་གི་ཆར་དང་།  བྱ་རྒྱལ་རྒོད་ཀྱི་ཐེལ་བྲན་བབ་པ་སོགས་ངོ་མཚར་བའི་རྟགས་མང་དུ་བྱུང་།  རྫ་ཕུག་ཁུང་དགོན་དུ་བཤད་གྲྭ་དང་།  

དཔལ་གསང་ཆེན་སྙིང་ཏིག་བསྟན་པའི་ཆུ་འགོ་སྔ་འགྱུར་རྫ་རྒྱལ་དགོན་དུ་ཞི་ཁྲོའི་སྒྲུབ་གྲྭ་བ་བཙུགས།  དབེན་གནས་བྲག་དམར་དུ་རི་ཁྲོད་བཏབས་ཏེ་མྱུར་ལམ་འོད་གསལ་རྫོགས་པ་ཆེན་པོ་དང་།  ལྷུན་གྲུབ་ཐོད་རྒལ་གྱི་ལམ་ལ་བརྟེན་ནས་གཟུགས་ཕུང་འོད་ལུས་སུ་དྭངས་བའི་སློབ་མ་མང་དུ་བྱུང་བར་གྲགས།  རབ་བྱུང་བཅུ་དྲུག་པའི་ལྕགས་བྱི༼༡༩༦༠༽ལོར་གཟུགས་སྐུ་ཆོས་དབྱིངས་སུ་གཤེགས།  རྗེ་འདི་ཉིད་ཀྱི་ཆོས་བདག་སློབ་མའི་ཚོགས་ནི།

 གདུང་སྲས་ཀུན་བཟང་ལུང་རྟོགས་འཕེལ་རྒྱས་དཔལ་བཟང་པོ།

 ལུང་ཟིན་གདུང་སྲས་བསྟན་པའི་གསལ་བྱེད།  

སྲས་མོ་ཀུན་བཟང་དབང་མོ་འམ་འགྲོ་འདུལ་ཆོས་དབྱིངས་དབང་མོ། 

 མཁན་འགྱུར་མེད་རྣམ་རྒྱལ།  མཁན་བསོད་ནམས་ཚེ་རིང་།  ཤེས་རབ་མེ་འབར།  རྫ་རྒྱལ་མཁན་ཆེན་ཆོས་ཀྱི་རྒྱལ་པོ་འབུམ་ཐར་རམ་ཐུབ་བསྟན་རིན་ཆེན།  བླ་མ་ཀུན་དར།  ལོངས་སྤྱོད།  འཆད་ལོ་ཚེ་རིང་།  མཁན་ཤེས་རབ། དགེ་མང་མཁན་ཆེན་པདྨ་དབང་རྒྱལ། མཁན་པདྨ་ཚེ་དབང་ལྷུན་གྲུབ་སོགས་སོ༎

སྲས་བརྒྱད་པ་རྡོ་རྗེ་དགྲ་འདུལ་ངོ་སྤྲོད་མདོར་བསྡུས། 

སྲས་བརྒྱད་པ་གསང་བདག་དངོས་སྣང་གནམ་ཆོས་མི་འགྱུར་རྡོ་རྗེའི་ཡང་སྤྲུལ་རྡོ་རྗེ་དགྲ་འདུལ་མཆོག་ནི།  རྡོ་གྲུབ་ཆེན་གྱིས། 

ཕྱག་རྡོར་སྤྲུལ་བ་རྡོ་ཡི་ཡུལ་ནས་བྱོན༔

གསང་སྔགས་བསྟན་པ་ཉིན་མོ་བཞིན་དུ་རྒྱས༔

ཞེས་གསུངས་པ་ལྟར།  བོད་རབ་བྱུང་བཅོ་ལྔ་པའི་ལྕགས་ཡོས༼༡༨༩༡༽ལོར་ཨ་སྐྱབས་བཟའ་སྐལ་བཟང་སྒྲོལ་མའི་སྲས་སུ་སྐུ་འཁྲུངས།  ཡབ་རྗེ་བླ་མ་བདུད་འཇོམས་རྡོ་རྗེ་དང་།  གཏེར་ཆེན་ལས་རབ་གླིང་པ།  རྡོ་གྲུབ་འཇིགས་མེད་བསྟན་ཉི།  ཕྱག་ཆུང་དགེ་བཤེས་དགེ་ལེགས་དཔལ་བཟང་སོགས་བཤེས་གཉེན་དུ་མ་བསྟེན་ནས་གྲུབ་པའི་ས་མཐོར་གཤེགས།  ཡབ་རྗེ་བླ་མའི་གདན་ས་བརྡ་ཚང་བསྐལ་བཟང་དགོན་དུ་བཤད་སྒྲུབ་ལས་གསུམ་གྱིས་རྒྱལ་བསྟན་རིན་པོ་ཆེ་དར་སྤེལ་མཛད།  མྱུར་ལམ་བདེ་ཆེན་ཞིང་ཁྲིད་ཀྱི་ཆོས་འཁོར་ཕྱོགས་མེད་དུ་བསྐོར་ཏེ་མདོ་ཁམས་ཀྱི་སེར་སྐྱ་མཆོག་དམན་ཕལ་ཆེར་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་ལ་བཀོད།  ཨོ་རྒྱན་བསམ་ཡས་ཆོས་འཁོར་གླིང་ངམ་རླུང་ཤར་རི་ཁྲོད་དུ་པར་ཁང་དང་ལྷ་ཁང་སོགས་རྟེན་བཞེངས་མང་དུ་མཛད།  ཡབ་རྗེ་བླ་མའི་ཟབ་ཆོས་གསང་བ་སྐོར་བཞི་དང་།  རྒྱབ་ཆོས་ཁྲིད་ཀྱི་སྐོར་སོགས་ཀྱི་ཆོས་ཁྲིད་བསྐྱངས་ཏེ་དར་གྱི་སྙན་དགོན་ནས་གསུང་རབ་རིན་པོ་ཆེ་དང་།  དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་ཆོས་ཀྱི་ཟླ་བ།  ཀཿཐོག་ཕྱག་ཚ་རིན་པོ་ཆེ།  གྱང་ཁང་སྤྲུལ་སྐུ་དོན་འགྲུབ་རྡོ་རྗེ་སོགས་སློབ་མའི་འདུ་བ་ནམ་མཁའི་སྐར་ཚོགས་ལྟར་བྱོན།  རྗེ་འདི་ཉིད་ཀྱི་གསུང་འབུམ་ལ་པོ་ཏི་དྲུག་ལྷག་ཙམ་བཞུགས།  དེ་ལྟར་འཁོར་ལོ་གསུམ་གྱི་འཕྲིན་ལས་མི་ནུབ་པའི་རྒྱུན་བསྲིངས་ཏེ།  བོད་རབ་བྱུང་བཅུ་དྲུག་པའི་ས་ཕག༼༡༩༥༩༽ལོར་གསེར་རྟའི་ཁྲི་མུན་དུ་གཟུགས་སྐུ་ཞི་བར་གཤེགས།  སྐུ་གདུང་རིན་པོ་ཆེའི་སྟེང་དུ་ཉིན་མཚན་བར་མེད་དུ་འོད་དཀར་པོ་ཞིག་འབར་བ་སོགས་ངོ་མཚར་བའི་རྟགས་མང་པོ་བྱུང་ངོ་།

                    

སྤྱི་སྟེགས་འདིར་འཁོད་པའི་བརྩམས་ཆོས་དང་སྒྲ་བརྙན་གང་རུང

་གཞན་དུ་བཀོལ་དགོས་ཚེ་དོ་དམ་པའི་མོས་མཐུན་ཡོད་དགོས།

འཕྲིན་སྟེགས་དོ་དམ།  རིགས་སྲས་དམ་པ།  

སྒེར་འབྲེལ། 791013886

您可能也对以下帖子感兴趣

文章有问题?点此查看未经处理的缓存